མགོ་ཤོག > མི་སྣ།

དོན་གྲུབ་རྒྱལ།

382     

མིང་གཞན། རང་གྲོལ། 端智嘉

ཞིབ་འཇུག་ཁྱབ་ཁོངས།བོད་ཀྱི་རྩོམ་རིག། བོད་ཀྱི་ལོ་རྒྱུས་སོགས།

ལས་ཁུངས།ཀྲུང་དབྱང་མི་རིགས་སློབ་གླིང་སོགས།

ངོ་སྤྲོད་བསྡུས་པ།དོན་གྲུབ་རྒྱལ། པིར་མིང་ལ་རང་གྲོལ་དང་རླུང་འཕྲིན་རྒྱལ་སོགས་བཏགས་མྱོང་། 1953ལོའི་ལུགས་རྙིང་གི་ཟླ5པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་དགུ་རོང་ཕོ་བ་རུ་འཁྲུངས། 1960ལོར་དགུ་རོང་མཐིལ་གྱི་སྡེ་བ་གསུམ་མཉམ་དུ་བསྡེབས་ཏེ་སློབ་གྲྭ་ཞིག་བཙུགས་པ་དེར་སློབ་ཆུང་འགྲིམས་མགོ་བརྩམས། 1964ལོ་ནས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཞུགས་ཤིང་། རང་ལོ་བཅུ་བདུན་པ་ནས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་རྒྱང་སྒྲོང་གི་ལས་བྱས། 1971ལོ་ནས་ཀྲུང་དབྱང་མི་རིགས་སློབ་གླིང་དུ་བོད་རྒྱ་ཡིག་སྒྱུར་ཐད་ཀྱི་ཟབ་སྦྱོང་དུ་ཞུགས་ལ1975ལོར་མཐར་ཕྱིན་ཏེ་ཕྱིར་ལས་ཁུངས་སུ་ལོག། 1978ལོར་ཀྲུང་དབྱང་མི་རིགས་སློབ་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་བསྟེན་ནས་བོད་ཀྱི་རིག་གཞུང་སྤྱི་ལ་སྦྱངས། 1981ལོར«བོད་ཀྱི་མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ»(འདི་ག1981ལོར་སྣུམ་དཔར་དུ་བཏབ། 1985དཔེ་སྐྲུན་ཁང་གིས་བསྐྲུན།)ཞེས་པའི་མཐར་ཕྱིན་དཔྱད་རྩོམ་བྲིས་ཤིང་སློབ་གྲྭ་དེར་དགེ་རྒན་བྱས། ཁོང་ཉིད་ལོ་རབས་བདུན་ཅུ་བ་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ལ། «འཁྲུལ་མིན་རྨི་ལམ་ངོ་མཚར་དགའ་སྐྱེད།»«ལང་ཚོའི་རྦབ་ཆུ»སོགས་སྙན་ངག། «སྤྲིན་དཀར་གྱི་འདབ་མ»སོགས་ལྷུག་རྩོམ། «པད་མཚོ།»«སྤྲུལ་སྐུ།»«འབྲོང་སྟག་ཐང་།»«ཚུལ་ཁྲིམས་རྒྱ་མཚོ»སོགས་བརྩམས་སྒྲུང་། «སྙན་ངག་གི་རྦ་རླབས།»«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»སོགས་བསྒྱུར་རྩོམ། «བོད་ཡིག་སློབ་པ»སོགས་ཁ་ཤགས། «ཨེ་མ། མཚོ་སྔོན་པོ»སོགས་གཞས་ཚིག། «རྩོམ་རིག་སྒྱུ་རྩལ་གྱི་སྣང་བརྙན་སྐོར་ཅུང་ཙམ་གླེང་བ»སོགས་དཔྱད་རྩོམ། «རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ་བློ་གསར་ངང་མོའི་རོལ་མཚོ»སོགས་འགྲེལ་པ་བརྩམས་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ་ཀུན་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད། 1997ལོར་མི་རིགས་དཔེ་སྐྲུན་ཁང་གིས་པོད་དྲུག་ཅན་གྱི«དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ»ཕྱོགས་བསྒྲིགས་བྱས་ལ། 2024ལོར་པོད་བདུན་ཅན་གྱི«དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ»ཕྱོགས་བསྒྲིགས་བྱས། 1985ལོའི་ཟླ11པའི་ཚེས30ཉིན་གྱི་སྔ་དྲོའི་ཆུ་ཚོད3ཡས་མས་སུ་ཆབ་ཆ་གྲོང་རྡལ་གྱི་མི་རིགས་དགེ་ཐོན་སློབ་གྲྭའི་མལ་ཤག་ཏུ་གཤེགས།

- 2025.12.24
དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号