494
8
མིང་གཞན།:
དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ།
ཞིབ་འཇུག་ཁྱབ་ཁོངས།:ནང་བསྟན་སོགས།
ལས་ཁུངས།:ནུབ་བྱང་མི་རིགས་སློབ་ཆེན།
ངོ་སྤྲོད་བསྡུས་པ།:དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་མཆོག་ནི་སྤྱི་ལོ༡༩༣༦ལོར་དཔའ་རིས་དོར་ཞི་གསོམ་ལུང་དུ་འཁྲུངས་ཤིང་། དགུང་ལོ་ལྔའི་སྟེང་ནས་དོར་ཞི་སྐུ་ཕྲེང་དྲུག་པ་དོར་ཞི་ཤེས་རབ་དར་རྒྱས་ཀྱི་སྐུ་སྐྱེ་རུ་ངེས་འཛིན་བྱས་ཤིང་། སྔ་རྗེས་སུ་ཞྭ་དམར་དགོན་དང་། དོར་ཞི་དགོན། དཔའ་རིས་མཆོད་རྟེན་ཐང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་ནས་དགེ་བའི་བཤེས་གཉེར་དཔའ་རིས་རྒྱ་མོ། ཨ་ཁུ་བླ་མ་སྔོ་ཁོ། དཔའ་རིས་བློ་གྲོས་རྒྱ་མཚོ། སྟོང་འཁོར་བཅུ་གསུམ་པའི་ཡོངས་འཛིན། རྒྱ་ཡག་པཎ་ཆེན། ཀྲང་ཀྱཱ་ཞབས་དྲུང་། བསང་ཁོག་འཇིགས་མེད། ར་ཕྲུག་བསྟན་འཛིན་རྒྱ་མཚོ་སོགས་མཁས་པ་དུ་མའི་ཞབས་ནས་མདོ་སྔགས་གཉིས་ལ་གསན་བསམ་རྒྱ་ཆེར་བྱས་ཤིང་། དགུང་ལོ་གཞོན་པའི་དུས་ནས་བོད་ཡིག་སློབ་ཁྲིད་ཀྱི་ལས་ཀ་བཞེས་ནས་རིམ་པར་གཞི་རིམ་སློབ་གྲྭ་ཆུང་འབྲིང་དང་། སློབ་ཆེན་སོགས་ནས་དགེ་རྒན་གྱི་ཕྱག་ལས་བསྒྲུབས། དེ་བཞིན་རྒྱ་བོད་སྐད་གཉིས་ངག་ཡིག་གཉིས་ཀྱི་ལོ་ཙཱ་བའི་ལས་ཀ་ཡུན་རིང་བྱས་ཤིང་། དཔའ་རིས་ནས་རིག་རྫས་རྩ་ཆེན“ཟངས་འབྲོང”རྙེད་ནས་བདག་གཉེར་བྱས་པས་གོང་ནས་རིག་རྫས་བདག་གཉེར་གཟིགས་བཟོས་དང་ཁོང་གིས་ཀྱང་རིག་རྫས་ཟངས་འབྲོང་དང་འབྲེལ་ནས་འབྲོང་སྟོད་སོགས་ཕྱག་རྩོམ་མཛད། དུས་འགྱུར་སྔ་ཕྱི་མང་པོར་སྐུ་ལས་བསྐྱོན་པ་མང་དུ་བྱུང་ནའང་། རྐྱེན་ངན་གྲོགས་འཁྱེར་གྱི་སྙིང་སྟོབས་ཆེན་པོས་རྒྱ་ཡིག་དང་། དབྱིན་ཡིག རྩིས་རིག དངོས་ཁམས་དང་རྫས་འགྱུར་སོགས་ཀྱང་རང་སྦྱོང་བྱས་ཤིང་། ལྷག་པར་རྒྱ་ཡིག་སྤུ་སྨྱུག་མཛེས་རིས་ཡི་གེ་བཀོལ་ནས་ཤེར་ཕྱིན་སོགས་དོན་བཟང་པོ་ཕྱག་བསྟར་མ་རྣམས་ཡིག་མཁན་མང་པོས་རྟེན་དུ་ཉར། ཆ་འཕྲིན་ལག་རྩལ་གྱི་དུས་རབས་སུ་སླེབས་པ་ནས་ཁོང་གི་ཀློག་ཀླད་མཉེན་ཆས་ཀྱིས་གསར་དུ་བཞེངས་པའི་ཡི་དམ་གྱི་ལྷའི་སྣང་བརྙན་རྣམས་ཀྱང་མང་པོའི་ཁྲོད་དུ་དར་ཁྱབ་ཆེ་བ་སོགས་དུས་བསྟུན་ཤེས་རབ་ཀྱིས་ཕྱུག་པའི་མི་བོ་ཆེ་ཞིག་ཏུ་ངེས་པ་དོན་གྱིས་གྲུབ་པ་དང་། ཁོང་ཉིད་རྒྱ་བོད་ཀྱི་གཞུང་ཆེན་མོའི་ཤེས་བྱའི་གནས་མཐའ་དག་ལ་འཇུག་པ་ཡངས་པ་མ་ཟད། རྒྱ་བརྒྱུད་ནང་བསྟན་དང༌། ལོ་རྒྱུས་རིག་གནས་ལ་ནང་བྱན་ཆུད་པས་བོད་ཙམ་མ་ཡིན་པར་རྒྱའི་མཁས་པའི་ཁྲོད་དུའང་མཁས་པའི་མཁས་པར་བརྩི་བ་སྟེ། དང་པོ་གཞུང་ལུགས་ཐོས་པ་རྒྱ་ཆེར་བཙལ་བ་ནས། ད་ལྟའི་བར་དུ་བོད་ཀྱི་སློབ་གསོ་དང་རིག་གཞུང་ཞིབ་འཇུག་གི་ལས་གཅིག་ལྕོགས་བཞེས་པའི་ཞར་ལ་རྒྱ་བོད་ཡིག་རིགས་གཉིས་ཀའི་སྟེང་ནས་མདོ་སྔགས་རམས་འབྱུང་གཞུང་ལུགས་ལྟ་གྲུབ་གཞན་ལ་ལེགས་པར་འདོམས་པར་མཛད་ཅིང་། དེ་ལས་ཀྱང་། བརྡ་སྤྲོད། སྙན་གཞུང༌། ལོ་རྒྱུས་སོགས་ཀྱི་གཞུང་དེབ་ཉི་ཤུར་ཉེ་བ་བརྩམས་ཤིང༌། དེ་དག་ཀྱང་དེབ་ཀྱི་གྲངས་མང་པ་ཙམ་མ་ཡིན་པར། བརྡ་སྤྲོད་པའི་ཕྱོགས་ནས་བྱ་ཚིག་དབྱེ་བ་དགུ་ལྡན་སོགས་སྔོན་མེད་བཤད་སྲོལ་ཕྱེས་ཤིང་། དེ་བཞིན་སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་སོགས་བོད་ཀྱི་རྩོམ་གཞུང་གི་སྲོལ་ཕྱེས་པ་ལྟ་བུར་བྱས་ལ། སྲོང་བཙན་འཁྲུངས་འདས་ཀྱི་ལོ་ཚིགས་དཔྱད་པ་སོགས་ལོ་རྒྱུས་དཔྱད་རྩོམ་དག་གིས་ཀྱང་ལོ་རྒྱུས་སྨྲ་བ་རྣམས་ལ་དཔྱོད་པའི་བློ་མིག་སྦྱིན་པར་མཛད་ཅིང་། དེ་བཞིན་བདག་ཉིད་ཆེན་པོའི་ཙོང་ཁ་པའི་ལྟ་གྲུབ་ཐད་དུ་གོ་བ་གནད་དུ་ཐིངས་པའི་ལྟ་འགྲེལ་མང་དུ་བྱས་ཤིང་། གཞུང་ཆེན་པོ་རྣམས་ཀྱི་གནད་གང་དུ་སླེབས་ཀྱང་གཡོལ་ནས་མི་བཤད་པ་ལྟ་བུ་མ་བྱས་པར། དུས་སྐབས་ཀྱི་མིའི་གོ་ཚོད་དང་བསྟུན་ནས་འགྲེལ་མཁས་ཤིང་ཕྱོགས་སུ་བསྡུས་ནས་རིགས་ལམ་ཞིབ་མོས་རྣམ་ཕྱེས་པས། དུས་རབས་སྔ་ཕྱི་འདི་གཉིས་ཀྱི་ནང་དུ་ནང་བསྟན་འགྲེལ་མཛད་ཀུན་ལས་ཕྱོགས་ཀྱི་གླང་པོ་ལྟ་བུར་གྱུར་པའང་བསྙོན་དུ་མེད། དེ་ལྟ་བུའི་གོ་སྟོབས་ཀྱིས་བརྩམས་པའི་དེབ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་གོ་བདེར་བཤད་པ་ཕན་བདེ་རྒྱ་མཚོའི་གྲུ་གཟིངས་དང་། རྩོམ་ཡིག་སྟོང་ཉིད་གསར་འགྲེལ། ངར་འཛིན་གྱི་རྟེན་ལ་དཔྱད་པ། ཐལ་འགྱུར་བའི་ཁྱད་ཆོས་བཤད་པ། བདེན་གཉིས་གསལ་བའི་མེ་ལོང་སོགས་དབུ་མའི་གོ་བ་སྟོན་པའི་གཞུང་དག་ཀྱང་དོ་སྣང་ཡོད་མཁན་རྣམས་ལ་རབ་ཏུ་བྲིན་ནོ།། གཞན་ཆེད་རྩོམ་ཕྱོགས་བསྡུས་མུན་འཇོམས་ནོར་ཕྲེང་པ་ཞེས་པའི་དེབ་ནི་བོད་ཀྱི་ཤེས་རིག་དཔྱད་ཞིབ་བྱེད་མཁན་དག་གི་དཔེ་སྒྲོམ་དུ་མེད་མི་སྲིད་པའི་ལག་བཅིང་དུ་གྱུར་པ་སོགས་ཀྱིས་དེང་རབས་བོད་ཀྱི་མཁས་རྣམས་ལ་རིག་ཞིབ་ཀྱི་ལམ་རྣམ་པར་ཕྱེས་པའི་བཀའ་དྲིན་ཚིག་གཅིག་གིས་སྨྲ་ནུས་པ་མ་ཡིན་ནོ།། སྤྱི་ལོ༡༩༩༢ལོར་ཁ་ཅིག་གཟུངས་མཆོག་ཡི་གེ་དྲུག་མའི་དོན་ལོག་པར་འགྲེལ་བའི་རྩོམ་ཡིག་བོད་ལྗོངས་ཞིབ་འཇུག་ཏུ་སྤེལ་པ་ལ་ཁོང་གིས་རིགས་པ་ཞིབ་མོས་རྣམ་འཐག་པའི་རྩོད་ཡིག་གཟུངས་མཆོག་ཡི་གེ་དྲུག་མའི་དོན་ཡང་དག་པར་བཀྲལ་བ་ཞེས་པ་རྒྱ་ཡིག་ཏུ་བརྩམས་པ་དང་། དེ་བཞིན་ཡུལ་ཕྱོགས་ཁ་ཅིག་ནས་བོད་བརྒྱུད་ནང་བསྟན་ནི་ཆོས་ལོག་ཡིན་པའི་སྐོར་གྱི་དེབ་དང་ཡི་གེ་གང་འདོད་དུ་སྤེལ་བ་ལ་དགག་ལན་རྡོ་རྗེ་མེ་ཆར་ཞེས་རྒྱ་ཡིག་གི་དེབ་བརྩམས་ཤིང་བཀྲམས་པས་རྩོད་ལན་འབྲི་བའི་སྤོབས་པ་ཞུམ་ནས་སྨྲ་བ་ཇེ་ཉུང་དུ་བཏངས། ལོ་རབས་དགུ་བཅུ་བའི་སྨད་ནས་བོད་བརྒྱུད་ནང་བསྟན་གྱི་ལྟ་བ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་རྣམས་རྒྱའི་ཀློག་པ་པོར་ལེགས་པར་ངོ་སྤྲོད་པའི་ཕྱིར་ཏུ༼སྙིང་རྗེ་ལས་སྐྱེས་པའི་ཤེས་རབ༽ཅེས་པའི་དེབ་ཕྲེང་སྤེལ་མར་བརྩམས་པས། རྒྱའི་ཀློག་པ་པོ་དང་ནང་བསྟན་ཞིབ་འཇུག་པ་ཚོས༼ཧི་མ་ལ་ཡ་ནས་ཐོན་པའི་ཤེས་རབ་ཀྱི་སྤྱི་ནོར༽དང༼ནང་བསྟན་མཚན་ཉིད་དང་ལྷག་པར་བོད་བརྒྱུད་ནང་བསྟན་གཙུག་ལག་སྟོང་གི་གི་ཕྱི་མོ།༽ ༼རྒྱའི་ཀློག་པ་པོའི་ཁྲོད་དུ་ཆེས་བྲིན་པའི་བསྟན་བཅོས༽སོགས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར། ད་ལྟ་དགུང་གྲངས་དགུ་བཅུར་སོན་ནས་འཆད་དང་རྩོད་པའི་ལས་ཁུར་ཐེག་པ་མ་ཡིན་ནའང་། ད་དུང་ཟབ་མོའི་དོན་ལ་རབ་ཏུ་དཔྱོད་ཅིང་ཉམས་སུ་ལེན་པའི་བགྱི་བ་མཚམས་མ་བཞག་པའི་དན་རྟགས་སུ་སྟོང་ཉིད་གསར་འགྲེལ་དང་། གཅོད་ཀྱི་ཉམས་ལེན་སྤྱི་ཆིངས། མ་ཎིའི་དོན་རྣམ་བཤད། ཕག་མོ་གྲུ་པའི་ལྟ་མགུར་རྒྱ་འགྱུར་མ། བསྔགས་འོས་བསྔགས་པ་སྙན་ཚིག་རྒྱ་འགྱུར་མ། ནམ་གང་དྲིན་ལན་མར་མེ་ཕུལ་ཚུལ་སོགས་ཕྲན་བུའི་སྐོར་མང་དུ་མཛད་ནས་སློབ་བུའི་ཚོགས་ལ་ཆོས་སྦྱིན་ཟབ་མོའི་སྦྲང་ཆར་བར་མེད་དུ་སྩོལ་བཞིན་སྐུ་གཟུགས་གསལ་ཐང་དུ་བཞུགས་པ་འདི་ལགས་སོ།།
(བདག་ཉིད་ཆེན་པོ་འདིའི་སློབ་བུའི་གྲལ་མཐའ་བ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པ་ཨ་རྡོར་གྱིས་ཁོང་གི་རྣམ་ཐར་ཚིགས་བཅད་མའི་དོན་བསྡུས་ནས་བྲིས་པ་དགེའོ།།)