མགོ་ཤོག > མི་སྣ།

དུང་དཀར་བློ་བཟང་འཕྲིན་ལས།

20     

མིང་གཞན། དུང་དཀར་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས།

ཞིབ་འཇུག་ཁྱབ་ཁོངས།རྩོམ་རིག། གྲུབ་མཐའ། ལོ་རྒྱུས་སོགས་རིག་གནས་སྤྱི།

ལས་ཁུངས།ཀྲུང་དབྱང་མི་རིགས་སློབ་ཆེན་སོགས།

ངོ་སྤྲོད་བསྡུས་པ།དུང་དཀར་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་མཆོག་ནི༡༩༢༧ལོར་བོད་ལྗོངས་ཀོང་པོ་ས་ཁུལ་ཉིང་ཁྲི་རྫོང་ཁོངས་ཇོ་མོ་ཤང་དུ་སྐུ་འཁྲུངས་པ་དང་། མཚན་ལ་ཟླ་བ་ཞེས་གསོལ། ༡༩༣༡ལོར་དགུང་གྲངས་ལྔ་ལ་ཕེབས་སྐབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་བཀྲ་ཤིས་ཆོས་གླིང་དགོན་གྱི་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། ༡༩༣༥ལོར་བཀྲ་ཤིས་ཆོས་གླིང་དགོན་དུ་ཁྲི་འདོན་མཛད་དེ་སེར་སྨད་ཀོང་པོ་ཁང་ཚན་གྱི་འདུལ་བ་འཛིན་པ་ངག་དབང་བསྟན་འཛིན་ཀློག་གི་སློབ་དཔོན་ལ་བསྟེན་ནས་གཞུང་ཆེན་པོ་ལྔའི་རྩ་བ་དང་འགྲེལ་པ་ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་དང་དགོན་པའི་ཚོགས་འདོན་ཡོངས་རྫོགས་ཐུགས་འཛིན་མཐར་ཕྱིན་པ་མཛད། མེ་ཁྱི(༡༩༤༦)ལོར་ལྷ་ས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞེས། དེ་མུར་རྒྱུད་ལ་ཞུགས་ཏེ་ལྕགས་སྟག(༡༩༥༠)ལོར་སྔགས་རམས་ཨང་གཉིས་པའི་མཚན་གནས་ཐོབ་ཤིང་ཤིང་རྟ་ལོར(༡༩༥༤)ལོར་ལྷ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་བསྐོས་གནང་། དེ་ནས་ཤིང་ལུག(༡༩༥༥)ལོ་བར་བོད་ཀྱི་རིག་གནས་སློབ་གཉེར་མཛད་པ་དང་ཆབས་ཅིག་གོ་སྐབས་ནམ་བྱུང་ལ་གླིང་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེ། དགའ་ལྔན་ཁྲི་རིན་པོ་ཆེ་ལྷུན་འགྲུབ་བརྩོན་འགྲུས་སོགས་བླ་མ་བཅུ་ལྷག་ཙམ་བསྟེན་ནས་ཆོས་འབྲེལ་ཞུ་གནང་མཛད་པ་དང་། མཁས་དབང་ཚ་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་སུམ་རྟགས་དང་སྙན་ངག་ཆ་ཚང་གི་སློབ་ཁྲིད་གསན། མེ་སྦྲེལ(༡༩༥༦)ལོར་གསར་བརྗེའི་ནང་ཞུགས་ཏེ་ཀོང་པོ་ཉིང་ཁྲི་ཀྲོན་ཆུས་དྭགས་ཀོང་ཡན་ལག་ཆོས་ཚོགས་ཀྱི་ཀྲུའུ་རེན་གཞོན་པའི་ཐུགས་འགན་བཞེས། དེ་རྗེས་སྔ་རྟིང་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་དབུ་འཛིན་གཞོན་པ་དང་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་པ། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་མཚན་འཛིན་དབུ་གནས་བཞེས་པ་མ་ཟད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སོགས་ཀྱི་མཚན་གནས་བཞེས་པ་དང་། སྔ་རྗེས་སུ་འཇར་མན་དང་དབྱིན་ཇི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས་བོད་རིག་པའི་སྐོར་ཀྱི་ཤེས་རིག་སློབ་ཁྲིད་དང་དཔྱད་རྩོམ་དུ་མ་སྒྲོག་སྦྱངས་མཛད། མཐར་མེ་བྱི(༡༩༩༦)ལོར་བོད་ལྗོངས་སློབ་གྲྭ་མོ་ནས་རྒས་ཡོལ་འབུལ་བཞེས་བྱས་པ་དང་། དགུང་གྲངས་བདུན་ཅུར་ཕེབས་པ་མེ་གླང(༡༩༩༧)ལོའི་སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་པར་ཨ་རིའི་གྲོང་ཁྱེར་ལོ་ཧྲན་ཅི་རུ་གཟིམ་ཁྲི་མཐའ་ཅན་དུ་གྱུར། ༢༠༠༤ལོར་མི་རིགས་དཔེ་སྐྲུན་ཁང་གིས«མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ»པོད་བརྒྱད་པར་དུ་བསྐྲུན།

- 2026.05.25

དཔེ་ཆའི་རིགས།
དཔྱད་རྩོམ་གྱི་རིགས།
རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号