མགོ་ཤོག > ཞིབ་འཇུག་གནས་སྟངས།

ཁ་སང་པེ་ཅིན་ནས«གཞོན་ནུ་བཅུའི་འཇུག་པ»དང་རྩོམ་རིག་ལོ་ཙཱ་ཞེས་པའི་ཚོགས་འདུ་ཞིག་བསྡུས།

2026-01-11 བོད་རྩོམ་ཞིབ་འཇུག ཀུན་བཟང་དོན་གྲུབ།

206     


2026ལོའི་ཟླ་དང་པོའི་ཚེས་10ཉིན་གྱི་སྔ་དྲོར། ཞུས་ཆེན་ལོ་ཙཱ་པ་ཨོ་རྒྱན་ལགས་ཀྱིས་བོད་འགྱུར་ཞུས་པའི«གཞོན་ནུ་བཅུའི་འཇུག་པ»ཡི་དེབ་གསར་འགྲེམ་སྤེལ་དང་འབྲེལ་བའི་རྩོམ་རིག་ལོ་ཙཱའི་དཔྱད་གླེང་ཚོགས་འདུ་སྟེ།«གཞོན་ནུ་བཅུའི་འཇུག་པ»དང་རྩོམ་རིག་ལོ་ཙཱ་ཞེས་པ་པེ་ཅིང་གི་རྒྱལ་ཁབ་དཔེ་མཛོད་ཁང་གི་དཔེ་ཤག་དཔེ་མང་བརྩིགས་པའི་ཚལ་དུ་ལེགས་པར་འཚོགས།  ཚོགས་ཐོག་ཏུ།  དེབ་འདིའི་ལོ་ཙཱ་པ་ཨོ་རྒྱན་ལགས་དབུ་བཞུགས་དང་།  བཀྲ་བྷ་ལགས།  ལྷ་བྱམས་རྒྱལ་ལགས།  རྣམ་རྒྱལ་ཚེ་བརྟན་ལགས།  ལྡོང་བུའམ་ལྕགས་རྡོར་རྒྱལ་ལགས།  བཙུན་པོ་དོན་འགྲུབ་ལགས།  གཡུ་རྔོག་ཚེ་བཀྲ་ལགས།  སྙན་བུ་ལགས།  ངག་དབང་རྒྱ་མཚོ་ལགས། གྲགས་པ་རྒྱ་མཚོ་ལགས་རྣམ་པ་གདན་ཞུས་སྐུ་མགྲོན་དང་། གཞན་ཡང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཤེས་རམས་པ་དང་འབུམ་རམས་པ་སོགས་ཞིབ་འཇུག་སློབ་མ་རྣམས་མཉམ་ཞུགས་བྱས། ཞུས་ཆེན་ལོ་ཙཱ་པ་ཨོ་རྒྱན་ལགས་ནི་མིང་དུ་གྲགས་པའི་བོད་འགྱུར་ལོ་ཙཱ་པ་ཞིག་ཡིན་ལ།  ཁོང་གིས་སྔ་གཞུག་ཏུ་རྒྱ་གར་གྱི་བསྟན་བཅོས་གྲགས་ཅན«བྱ་ལེན་མ་མངོན་པར་དགའ་བའི་ཟློས་གར»དང«རཱ་མ་ཎའི་རྟོགས་བརྗོད»(དེབ་བརྒྱད།)གཉིས་གངས་ཅན་བོད་ཀྱི་སྐད་དུ་བསྒྱུར་ཡོད་ཅིང་། ཐེངས་འདིར་བསྒྱུར་བའི«གཞོན་ནུ་བཅུའི་འཇུག་པ»ནི་སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་པ་སྙན་ངག་མཁན་སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་པ་ལགས་ཤིང་།  རང་རེའི་བོད་ཀྱི་སྐད་དུ་བསྒྱུར་བ་ཐོག་དང་པོ་ཡིན།


ཚོགས་འདུ་ལ་ཨ་བྱམས་བན་དེ་མཁར་ལགས་ཀྱིས་དབུ་འཛིན་གནང་ཞིང་།  ཁོང་གིས་ཨོ་རྒྱན་ལགས་ཀྱིས་ལོ་མང་རིང་ལེགས་སྦྱར་རྩོམ་རིག་བོད་སྐད་དུ་བསྒྱུར་བའི་ཕྱག་ལས་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ལེགས་གསོལ་ཞུས་རྟིང་།  ཚོགས་འདུའི་གྲ་སྒྲིག་གི་བྱ་བ་དང་དགོས་ཆེད་སོགས་ངོ་སྤྲད་ཅིང་།  ཚོགས་འདུའི་གོ་རིམ་ཆ་ཚང་ལྷོད་ལྷོད་ངང་ཡོང་རེ་བཅས་མགོ་བཙུགས། 


ལོ་ཙཱ་པ་ཨོ་རྒྱན་ལགས་ཀྱིས་འགྱུར་དེབ་གསར་པ«གཞོན་ནུ་བཅུའི་འཇུག་པ»ངོ་སྤྲོད་ཕྲན་བུ་དང་སྦྲགས།  གཞུང་འདིའི་ལོ་ཙཱའི་དམིགས་འདུན་དང་སྒྱུར་སྟངས་སྐོར་ནས་བགྲོ་གླེང་གནང་ཞིང་།  ལོ་ཙཱ་བྱེད་སྐབས་ཚིག་རྒྱན་གྱི་ཉམས་དང་བརྩེ་དུངས་ཀྱི་ཉམས་མ་བོར་བ་ཞིག་ལ་འབད་པ་ལྷུར་ལེན་གནང་ཚུལ་དང་།  ལེགས་སྦྱར་སྐད་དང་རྒྱ་སྐད་དང་བོད་སྐད་བར་གྱི་ལོ་ཙཱའི་འབྲེལ་བའི་ངོས་ནས་གསུང་བཤད་གནང་།


བཀྲ་བྷ་ལགས་ཀྱིས«གཞོན་ནུ་བཅུའི་འཇུག་པ»ཡི་ལོ་ཙཱའི་ཁྱད་ཆོས་དང་རིན་ཐང་ལས་འཕྲོས།  འགྱུར་དེབ་འདིས་སློབ་དཔོན་དབྱུག་པ་ཅན་ནི་གཞུང་ལུགས་སྨྲ་མཁན་དང་གསར་རྩོམ་གནང་མཁན་གཉིས་ཀ་ཡིན་པའི་ཐོབ་ཐང་ཇེ་གསལ་དུ་བསྟན་པར་བརྗོད་ཅིང་།  སྒྲུང་གཏམ་ཞེས་པའི་བརྡ་ཆད་ཀྱི་བོད་འགྱུར་ཐད་ལ་བགྲོ་གླེང་གནང་།  


ལྷ་བྱམས་རྒྱལ་ལགས་ཀྱིས་བོད་ཀྱི་ལོ་ཙཱའི་སྲོལ་རྒྱུན་དང་དེའི་ད་ལྟའི་རིག་ནུས་(AI)དུས་སྐབས་ཀྱི་རིན་ཐང་།  ལེགས་སྦྱར་སྐད་དང་བོད་སྐད་གཉིས་བར་གྱི་ལོ་ཙཱའི་བརྡ་སྤྲོད་མ་ལག་གི་འཐུས་ཚང་རང་བཞིན།  སྔོན་གྱི་ལོ་ཙཱ་པ་མཁས་གྲུབ་རིམ་བྱོན་གྱི་ལོ་ཙཱའི་ལག་ལེན་ཁྲོད་ཀྱི་རྒྱུད་འཛིན་དང་གསར་གཏོད།  བོད་ཀྱི་དེང་རབས་རྩོམ་རིག་གི་སྐད་ཆའི་མཚོན་སྟོབས་དང་འགྱུར་ལྡོག་སོགས་ལ་བགྲོ་གླེང་གནང་།  


རྣམ་རྒྱལ་ཚེ་བརྟན་ལགས་ཀྱིས«གཞོན་ནུ་བཅུའི་འཇུག་པ»ཡི་བྱ་ཚིག་བཀོལ་སྟངས་ཀྱི་ཁྱད་ཆོས་དང་།  རྒྱ་འགྱུར་མ་ལ་ལྟོས་པའི་བོད་འགྱུར་མའི་ལེགས་ཆ་སྐོར་ལ་བགྲོ་གླེང་གནང་།  


ལྕགས་རྡོར་རྒྱལ་ལགས་ཀྱིས«གཞོན་ནུ་བཅུའི་འཇུག་པ»ལས་འཕྲོས་པའི་བོད་ཀྱི་དེང་རབས་རྩོམ་རིག་གི་རྩོམ་རིག་གཞུང་ལུགས་ཁྲོད་ཀྱི་རྩོམ་ལུས་ཀྱི་རིགས་དབྱེ་དང་།  རྩོམ་རིག་གསར་རྩོམ་ཁྲོད་ཀྱི་བརྩམས་སྒྲུང་གི་སྒྲིག་གཞི་དང་བརྩམས་སྒྲུང་ལ་སྙན་ངག་གི་ཉམས་ཇི་ལྟར་སྤྲོས་ཚུལ་ཐད་བགྲོ་གླེང་གནང་།  


བཙུན་པོ་དོན་འགྲུབ་ལགས་ཀྱིས་ལེགས་སྦྱར་སྐད་ཀྱི་དོན་བརྗོད་བརྩམས་ཆོས«གཞོན་ནུ་བཅུའི་འཇུག་པ»ཡི་འཛམ་གླིང་རྩོམ་རིག་ཁྲོད་ཀྱི་གོ་གནས་དང་།  བརྗོད་བྱའི་གལ་ཆེན་རང་བཞིན།  ལོ་ཙཱའི་འགན་འཁྲི།  ད་དུང་བརྩམས་ཆོས་ཤིག་མ་ཡིག་ནས་འགྱུར་ཡིག་ཆགས་རྗེས་ཀྱི་འགྱུར་ཡིག་རང་སྟེང་གི་ཁྱད་ཆོས་འདོན་ཚུལ་ཐད་ནས་བགྲོ་གླེང་གནང་།  


གཡུ་རྔོག་ཚེ་བཀྲ་ལགས་ཀྱིས་རྩོམ་རིག་གསར་རྩོམ་ཁྲོད་དུ་སྲོལ་རྒྱུན་གྱི་འུད་ཆེན་པོའི་རྩོམ་སྟངས་ནས་ད་ཆ་རང་བཞིན་བརྗོད་པ་གཙོར་འཛིན་པའི་བར་གྱི་འཕེལ་རིམ་ལས་འཕྲོས། «གཞོན་ནུ་བཅུའི་འཇུག་པ»ཞིབ་ཀློག་གི་མྱོང་བ་བརྒྱུད་ནས་རྒྱ་གར་རྩོམ་རིག་དང་སྲོལ་རྒྱུན་རྩོམ་རིག་གི་གསར་རྩོམ་རིན་ཐང་ལ་བསྐྱར་དུ་གདེང་འཇོག་དང་བགྲོ་གླེང་གནང་།  


སྙན་བུ་ལགས་ཀྱིས«གཞོན་ནུ་བཅུའི་འཇུག་པ»ཡི་མཆོད་བརྗོད་ཤོ་ལོ་ཀ་གཅིག་གྱེར་འདོན་བརྒྱུད་རྟེན་འབྲེལ་མཚོན་པ་དང་།  ཨོ་རྒྱན་ལགས་དང་འགྲོགས་འདྲིས་བྱས་པའི་གཏམ་རྒྱུད་ཅིག་གི་སེམས་ཚོར་ལས་འཕྲོས།  ཁོང་གི་ཞིབ་ཚགས་དང་གཟབ་ནན་ལ་ཡི་རངས་དང་།  ལོ་ཙཱ་པའི་འགྱུར་དེབ་གཞན་ཞིག་གི་འཕྲིན་གསར་སྔོན་བརྡ་བཏང་སྟེ་ཚོགས་རར་དགའ་བ་བསྐྱེད།  


ངག་དབང་རྒྱ་མཚོ་ལགས་ཀྱིས«གཞོན་ནུ་བཅུའི་འཇུག་པ»ལས་འཕྲོས་པའི་ལེགས་སྦྱར་རྩོམ་རིག་གི་བོད་འགྱུར་ལོ་ཙཱའི་སྨིན་ཐག་ཆོད་པའི་སྒྲིག་གཞི།  ལོ་ཙཱའི་རྩ་དོན།  སྒྱུར་ཐབས་སོགས་དང་།  དེ་འབྲེལ་ད་ལྟའི་བོད་ཡིག་དཔེ་སྐྲུན་དང་རྩོམ་འབྲིའི་ལག་ལེན་ཁྲོད་ཀྱི་གཅིག་གྱུར་མིན་པའི་པ་པོ་བ་བོའི་སྦྱོར་ཚུལ་སོགས་ཐད་བགྲོ་གླེང་གནང་།  


གྲགས་པ་རྒྱ་མཚོ་ལགས་ཀྱིས«གཞོན་ནུ་བཅུའི་འཇུག་པ»ལ་འཁྲབ་གཞུང་གསར་རྩོམ་གྱི་མཐོང་སྣེ་ནས་དབྱེ་ཞིབ་དང་།  ལོ་ཙཱའི་རྒྱུད་འཛིན་དང་གསར་གཏོད།  དེ་བཞིན་ལེགས་སྦྱར་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་མིང་འདོགས་ཚུལ་གྱི་ཁྱད་ཆོས་སྐོར་ལ་བགྲོ་གླེང་གནང་།


ཞར་བྱུང་ཚོགས་ཞུགས་སློབ་མ་རྣམས་ཀྱིས་རང་མོས་བགྲོ་གླེང་གང་འཚམ་སོང་བའི་མཇུག་ཏུ།  ཚོགས་འདུའི་གཙོ་སྐྱོང་པ་དང་དབུ་འཛིན་པ་ཨ་བྱམས་བན་དེ་མཁར་ལགས་ཀྱིས་ཚོགས་འདུ་ལ་མཇུག་སྡོམ་གནང་ཞིང་།  ཐེངས་འདིའི་ཨོ་རྒྱན་ལགས་ཀྱི་འགྱུར་དེབ«གཞོན་ནུ་བཅུའི་འཇུག་པ»དང་འབྲེལ་བའི་ཚོགས་འདུ་འདི་ཉིད་མགོ་བཀྲ་ཤིས་ཤིང་།  མཇུག་ཕུན་སུམ་ཚོགས་པར་བསྡུས་པའི་དགེ་ཚོགས་ཀུན་ཀྱང་།  བོད་ཀྱི་སྐད་ཡིག་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་ཤེས་ཡོན་ཅན་རྣམས་ཀྱི་ཡོན་ཏན་དང་རྣམ་དཔྱོད་ལ་གོང་བཀུར་བླ་མེད་བྱེད་པའི་ཆེད་དུ་ཡིན་ཞེས་དང་།  སླད་མར་འདི་ལྟ་བུའི་ངེས་པ་དོན་གྱི་དཔེ་ཀློག་དང་འབྲེལ་བའི་རང་མོས་བགྲོ་གླེང་ཚོགས་འདུ་མུ་མཐུད་བསྒྲུབ་པའི་དགོངས་འཆར་དོན་སྨིན་བྱུང་བ་བཅས།  དགེ་ལེགས་སུ་གྱུར་ཏོ། །




བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

2026.01.11 

རྩོམ་སྐུར་ཡིག་ཟམ། bzstudies@126.com 投稿邮箱
© bzstudies.com 2024-2028 / All rights reserved / 喳喳文学研究平台版权所有 / པར་དབང་ཐམས་ཅད་བོད་རྩོམ་ཞིབ་འཇུག་ལ་དབང་།
京ICP备19006092号-2 / 京网文(2019)2639-246号