136
1

2026ལོའི་ཟླ4པའི་ཚེས16ཉིན་གྱི་དགོང་མོར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་རྩོམ་མཁན་གྲགས་ཅན་བཀྲ་བྷ་ལགས་ཀྱི་རྩོམ་རིག་གསར་རྩོམ་གྱི་འཆད་ཁྲིད་སློབ་ཁུལ་གསར་པ་ནས་འཚོགས། ཚོགས་ཐོག་ཏུ་རྒན་ཨ་བྱམས་བན་དེ་མཁར་གྱིས་དབུ་འཛིན་བྱས་ཏེ། རྒན་ཉིད་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་མཛད་པ་དང་བསྟུན་འཆད་ཁྲིད་དངོས་སུ་འགོ་བཙུགས།

འཆད་ཁྲིད་ཀྱི་གོ་རིམ་དང་པོ་ལ། རྒན་བཀྲ་བྷ་ལགས་ཀྱིས་སྐུ་སྒེར་གྱི་གསར་རྩོམ་ཉམས་མྱོང་གཞིར་བཞག་གིས་རྩོམ་འབྲིའི་བརྒྱུད་རིམ་གསུམ་འཆད་པ་སྟེ།
དང་པོ་བློས་སློང་གི་ཐོག་མའི་འཆར་སྒོ། དེ་ནི་འཚོ་བའི་ཉམས་མྱོང་དང་དཔེ་ཀློག བསམ་གཞིག མྱོང་བ། ཉན་པ་སོགས་ཀྱི་ཚོར་བའི་གསོག་འཇོག་སོགས་ལས་བྱུང་ཞིང་། དེས་གསར་རྩོམ་སྔ་རོལ་དུ་ཅི་ཞིག་འབྲི་བ་དང་གང་དག་འབྲི་བ། ཡུལ་དུས་གང་ལ་སྦྱར་བ། ཇི་ལྟར་འབྲི་བ། ཅི་ཞིག་མངོན་པ་སོགས་ཐག་གཅོད་པའི་ནུས་པ་ཡོད་ཚུལ་རང་ཉིད་ཀྱི་བརྩམས་ཆོས《མེ་ལོང་ནང་གི་ཕྱེ་མ་ལེབ》དང《ལམ》སོགས་དང་སྦྱར་ནས་ཞིབ་པར་གླེང་།
གཉིས་པ་གསར་རྩོམ་དངོས་ཀྱི་སྐབས། བརྩེ་བ་དང་དཔྱོད་ཤེས་གཉིས་སྡེབ་ལེགས་པར་བྱེད་པ་དང་སྦྲགས། འཆར་སྒོ་དང་ཚོར་བ་གློ་བུར་བ་དམ་དུ་འཛིན་ཅིང་། སྒྲོམ་གཞི་ཞིབ་ཅིང་འགུལ་རྣམ་ལྡན་པ། ཁུངས་སྣེ་ལ་ལྡེམ་ཆ་ཡོད་པ། ལེའུ་དང་བར་སྟོང་གི་བཀོད་པ་ལུགས་དང་མཐུན་པ་བཅས་བྱེད་དགོས་ཚུལ་གསུངས།
གསུམ་པ་གསར་རྩོམ་གྱི་ཞུ་དག་ལ། བརྩམས་ཆོས་ནི་དབུགས་ཐེངས་གཅིག་གིས་ལེགས་པར་འགྲུབ་པ་ཞིག་མ་ཡིན་པར། ཡང་དང་བསྐྱར་གྱི་བཟོ་བཅོས་ལ་བརྟེན་དགོས་པ་ཞིག་ཡིན་པ་དང་། ཐོག་མར་སྒྲོམ་གཞི་དང་རྒྱས་བསྡུས་འཚམ་མིན་ལ་ཞུ་དག་བྱས་རྗེས། ད་གཟོད་མིང་ཚིག་གི་དག་ཆ་དང་སྐད་ཆའི་སྦྱོར་བ་ལ་ཞུ་དག་བྱེད་ཅིང་། དེའི་གོ་རིམ་ཁྲོད་ཤན་པའི་སེམས་ཁམས་ལྟ་བུས་བསྲེགས་བཅད་བརྡར་གསུམ་བྱེད་དགོས་པར་གསུངས། གཞན་ཞུ་དག་གི་དགེ་མཚན་ཏེ། བྱུང་རིམ་ཆ་ཚང་ཞིང་བརྗོད་བྱ་འབུར་དུ་ཐོན་པ། མི་སྣ་ལ་རང་དབང་ལྡན་ཞིང་གསོན་ཉམས་གྱིས་ཕྱུག་པ། ཁོར་ཡུག་གསལ་ཞིང་སྒྲིག་གཞི་ཚགས་དམ་དགོས་ཚུལ། བརྩམས་ཆོས་དྲན་ཤེས་ལས་བརྗེད་བཞིན་པའི་སྐབས་ནི་ཞུ་དག་བྱེད་པའི་ཆེས་ལེགས་པའི་དུས་ཚོད་ཡིན་ཞིང་། སྐབས་དེར་དཔྱོད་ཤེས་ཀྱི་རིག་པས་ཀློག་པ་པོ་དང་མཐའ་དཔྱོད་པའི་ངོས་ནས་ཞུ་དག་བྱེད་དགོས་ཚུལ་སོགས་གླེང་། དེ་མིན། གསར་རྩོམ་གྱི་སྔོན་འགྲོ་ལ། རྩོམ་ལུས་སོ་སོ་བློར་ངེས་ཤིང་། རྩོམ་པ་པོའི་བརྗོད་གཞིའི་བདམ་སྟངས་ནི་མི་ཚེའི་བརྒྱུད་རིམ་དང་འབྲེལ་ཡོད་ཚུལ། གཞན་སྒྲུང་གཏམ་གྱི་མི་སྣ་ལ་རང་དབང་ལྡན་ཞིང་བྱུང་རིམ་གཙོར་བཟུང་ནས་ཅི་ལྟར་བྱུང་བ་བརྗོད་ཅིང་། གཏམ་རྒྱུད་ཀྱི་མི་སྣ་ལ་རང་དབང་མེད་ཅིང་དོན་དག་གཙོར་བཟུང་ནས་ཅི་ཞིག་བྱུང་བ་བརྗོད་པའི་ཁྱད་པར་གླེང་། གཞན་རྩོམ་རིག་ཞིབ་འཇུག་ལ་ཚང་དགོས་པའི་ཆ་རྐྱེན་གསུམ་སྟེ། རྩོམ་པ་པོ་ལ་རྒྱུས་ལོན་ཡོད་པ། བརྩམས་ཆོས་ཞིབ་པར་ཀློག་པ། དཔེ་ཀློག་མང་དུ་བྱེད་པ་སོགས་ཞིབ་རྒྱས་ཀྱིས་གསུངས།

མཇུག་ཏུ། དབུ་འཛིན་པ་རྒན་ཨ་བྱམས་བན་དེ་མཁར་ལགས་ཀྱིས་རྒན་བཀྲ་བྷ་ལགས་ལ་དྲི་མེད་ལྷ་རྫས་ཀྱི་ཁ་བཏགས་ཕུལ་ནས་ཐེངས་འདིའི་ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ།།
དྲིས་ལན་གྱི་རིམ་པ།

@ རྒན་ལགས་ཀྱིས་ལྷ་རབས་སྒྲུང་གཏམ་འབྲི་བའི་ཐོག་མའི་ཀུན་སློང་དང་བཀག་རྒྱ། དགེ་མཚན་གང་དག་ཡིན་ནམ།
དགེ་མཚན་དང་བཀག་རྒྱ་སོ་སོ་ཡོད་དེ། དཔེར་ན་ལྷ་རབས་སྒྲུང་གཏམ་གྱི་བརྗོད་བྱ་དངོས་སུ་ཡོད་པ་ནི་དགེ་མཚན་ཡིན་མོད། གནས་རི་དང་གཞི་བདག་སོགས་འབྲི་བ་ལ་སྤྱི་ཚོགས་འགལ་བ་འབྱུང་ངེས་པས་བརྩམས་ཆོས་ནང་དེ་ལ་གཡོལ་ཐབས་བྱེད་དགོས་པ་ནི་བཀག་རྒྱ་ཞིག་ཡིན། ཀུན་སློང་དང་དགོས་པ་ནི། གཙོ་བོ་སྲོལ་རྒྱུན་རིག་གནས་དུས་རབས་དང་མཐུན་པའི་སྒོ་ནས་རྒྱུད་འཛིན་བྱེད་པ་ལས་གཞན་རང་གི་ཞིབ་འཇུག་ཁ་ཕྱོགས་དང་མཐུན་པ་ཞིག་རེད།

@ བརྩམས་ཆོས་ཀྱིས་ངེས་པར་དུ་ཀློག་པ་པོ་ལ་དོན་སྙིང་ཞིག་སྤྲོད་དགོས་པ་ཡིན་ནམ། སྤྲོད་ཐབས་གང་འདྲ་ཡིན།
དེ་ལ་ངེས་པ་མེད། གཙོ་བོ་ཀློག་པའི་བརྒྱུད་རིམ་ཁྲོད་ཚོར་བ་སྐྱིད་པོ་ཞིག་སྟེར་ཐུབ་ན་འགྲིག་པ་རེད།
@ ཡི་གེ་པ། ནམ་མཁའ་ལྷ་མོ། རིན་ཆེན་མཚོ།
@ པར་པ། སྲི་ཐར་སྲིང་མཚོ།