15
1
འདིར་བཞུགས་ཀྱི་ཚང་མ་ལ་སྔ་དྲོ་བདེ་ལེགས་ཞུ།
ཐོག་མར་ཁྱེད་རྣམ་པས་ང་འདིར་གདན་འདྲེན་ཞུས་པ་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། དེ་ནས་རྒན་བཀྲ་བྷ་ཡི་《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ་》ཞེས་པའི་དཔྱད་དེབ་འདི་བདེ་ལེགས་ངང་པར་དུ་བསྐྲུན་པ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། ང་ནི་ལྷ་རབས་ཀྱི་ཕྱོགས་ལ་སྦྱངས་པ་དང་ཞིབ་འཇུག་མེད། གཙོ་བོ་རྒན་བཀྲ་བྷ་ཡི་བརྩམས་ཆོས་གསར་པ་པར་སྐྲུན་བྱས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བར་ཡོང་བ་དེ་ཁོ་ན་ཙམ་ཡིན། རྒན་བཀྲ་བྷ་ཡི་དེབ་ཀྱི་བརྗོད་སྙིང་གི་ཐོག་ནས་སྨོས་ཚེ་ཞིབ་འཇུག་ཕུན་སུམ་ཚོགས་པ་གནང་ཡོད་པས། ང་ལ་མཚོན་ན་སློབ་སྦྱོང་བྱེད་རྒྱུ་མ་གཏོགས་ཡན་གར་བ་ཞིག་བཤད་རྒྱུ་མེད། གཙོ་བོ་ཕྱི་པག་གི་དྲན་ཚུལ་ཅེས་ན་འདྲ་བློ་བསྐྱེད་ཅེས་ན་འདྲ་དེ་འདྲ་འགའ་ཞིག་རྣམ་པ་ཚོ་ཞུ་བར་བྱ་བ་དེ་ཡིན། ལྷ་སྒྲུང་ཞེས་ན་འདྲ་ལྷ་རབས་ཞེས་ན་འདྲ། འདི་ནི་མི་རིགས་ཀུན་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་དང་རྩ་ཆེན་ཡིན་པ་ནི་སྨྲོས་མ་དགོས་པ་ཞིག་རེད། ཡིན་ནའང་རྒན་བཀྲ་བྷ་ཡི་དེབ་ཀྱི་ནང་དུ་ད་སྔའི་བར་དུ་བོད་ཀྱི་ལྷ་རབས་ཞེས་ན་འདྲ་ལྷ་སྒྲུང་ཞེས་ན་འདྲ་འབྲེལ་ཡོད་ཀྱི་དཔྱད་དེབ་ཀྱི་སྐོར་ནས་རྒན་ཁྱུང་ཐར་རྒྱལ་གྱི་《བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ་》དང་། རྒན་བཀྲ་བྷའི་བརྩམས་པའི་《བོན་གྱི་ལྷ་རབས་ལ་དཔྱད་པ།》དེ་ནས་དེ་རིང་ང་ཚོའི་གླེང་གཞིར་གྱུར་པའི་《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ་》བཅས་འདི་དག་ཙམ་མ་གཏོགས་མེད་པ་མ་ཟད། ད་དུང་དུས་དེབ་ལ་སོགས་པའི་སྟེང་དུ་འབྲེལ་ཡོད་ཀྱི་རིག་གཞུང་དཔྱད་རྩོམ་ཡང་མང་པོ་མེད་ཅེས་འཁོད་འདུག ། འདིའི་ཐོག་ནས་གཅིག་ནས་རྒན་བཀྲ་བྷ་ནང་བཞིན་དུས་ཡུན་རིང་པོའི་ནང་ནས་ཆེད་དུ་གཞི་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་ལྷ་རབས་ཀྱི་སྐོར་འདི་ནས་འབྲེལ་ཡོད་བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་མང་པོ་རྔོག་འདོན་དང་། འཚོལ་བསྡུ། དག་སྒྲིག་བྱས་ཤིང་། དེ་ནས་དེ་འདྲའི་ཡིག་ཆ་ཕུན་སུམ་ཚོགས་པ་ཡི་རྨང་གཞིའི་ཐོག་ནས་བོད་ཀྱི་ལྷ་རབས་འཕེལ་རིམ་ཆེན་མོ་བཞི་རུ་བརྒྱུད་པར་དབྱེ་བ་ཕྱེས། དེ་ནས་འབྲེལ་ཡོད་ཀྱི་ཕྱི་ནང་གཉིས་ཀྱི་དཔྱད་འབྲས་དག་གིས་ཟུར་བརྒྱན་ནས། བོད་ཀྱི་ལྷ་རབས་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་སུ་ཕྱིན་པ་བཅས་པའི་ཆ་ནས་ཞིབ་འཇུག་ཀྱང་ཕུན་སུམ་ཚོགས་པ་གནང་བའི་སྒོ་ནས་བོད་ཀྱི་ལྷ་རབས་ཕྱོགས་ཀྱི་བོད་ཡིག་གི་དཔྱད་དེབ་འདི་འདྲ་བོད་ལ་དེ་སྔ་བར་དུ་མེད་པའི་སྟོང་ཆ་ཞིག་ཀྱང་ཁ་གསབ་པ་དེ་མཚོན་འདུག། རྒྱུ་མཚན་དེས་དབང་གིས་འདི་ལ་ཞིབ་འཇུག་གི་རིན་ཐང་དང་དོན་སྙིང་ཆེས་ཆེར་ལྡན་པ་དང་གསར་གཏོད་ཀྱི་ཆ་ཧ་ཅང་ལྡན་པ་འདི་ལ་རྗེས་སུ་ཡི་རངས་བྱས་པ་ཡིན།

དེབ་འདིའི་ནང་ཞིབ་འཇུག་བྱེད་ཕྱོགས་ཀྱི་ཆ་ནས། 《བོན་གྱི་ལྷ་རབས་ལ་དཔྱད་པ》རུ་“དེང་རབས་མི་རིགས་གཞན་དང་རྒྱལ་ཁབ་ཀྱི་གཞུང་ལུགས་ཀྱི་སྒྲོམ་གཞིའི་ནང་ལ་མི་རིགས་རང་གི་དཔེར་བརྗོད་དྲངས་ནས་བརྩམས་པའི་དཔྱད་དེབ་བྱུང་དང་འབྱུང་བཞིན་ཡོད་མོད། 《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ》ཞེས་པ་འདི་ཉིད་འབྲི་སྐབས། རང་གིས་མི་རིགས་རང་གི་ལྷ་རབས་ལ་ཞིབ་འཇུག་བྱས་པའི་ངོས་ཟིན་དེ་སྒྲོམ་གཞི་བྱས་པ་དང་། མི་རིགས་རང་གི་ལྷ་རབས་སྒྲུབ་བྱེད་དུ་དྲངས་ནས་བརྩམས་པ་ཡིན།”ཞེས་པ་ན་འདི་ཡིན་ན་ཐོག་མར་བོད་ཀྱི་ཡིག་ཆ་གལ་ཆེན་དང་དོན་ཆེན་དུ་བརྩི་མཐོང་གནང་སྟེ་ལྷ་རབས་སུམ་བརྒྱ་ལྷག་གི་གཞི་རྩའི་ཐོག་ནས་ཡིག་ཆ་ཁྱབ་རྒྱ་ཆེ་བའི་སྒོ་ནས་བསྡུས། དེ་ནས་དེ་དག་ཕན་ཚུན་དཔྱད་བསྡུར་གྱི་ཁྲོད་ནས་ཡིག་ཆ་ལ་ཁ་གྲགས་སུ་བཅུག་ནས་སྒྲོམ་གཞི་བཟོས་པ་དེ་མཚོན་ལ། མདོར་ན་རང་རང་སོ་སོ་རང་ཚུགས་ཡོད་པ་དང་། ཁྱད་ཆོས་ཡོད་པ། བསམ་བློ་ཡོད་པ་བཅས་པའི་སྒོ་ནས་ཞིབ་འཇུག་བྱས་ཡོད་པ་དེ་མཚོན་པ་རེད། སྤྱིར་ན་ཞིབ་འཇུག་གི་ཁྲོད་ནས་རང་རང་སོ་སོ་རང་ཚུགས་ཡོད་དགོས་པ་དང་། ཁྱད་ཆོས་ཡོད་དགོས་པ། བསམ་བློ་ཡོད་དགོས་པ་འདི་དག་བཤད་སླ་མོད། འོན་ཀྱང་ད་ལྟ་ང་ཚོས་དཔེ་སྐྲུན་བྱས་ཟིན་པའི་ལོ་རྒྱུས་སོགས་ཀྱི་དེབ་མང་པོ་ཞིག་ཏུ་དཔྱད་གཞིའི་ཡིག་ཆ་བེད་སྤྱོད་གཏོང་བ་དང་ཞིབ་འཇུག་བྱེད་སྐབས་གཞན་དབང་དུ་གྱུར་པའམ་ཡང་ན་སྤྱི་འགྲོས་ཤིག་ཏུ་ཚུད་ཡོད་པའི་སྣང་ཚུལ་དེ་འདྲ་རྒྱུན་དུ་མཐོང་རྒྱུ་ཡོད་པ་སྟེ། དཔེར་ན་ང་རང་ཉིད་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་ནས་དཔེ་བླངས་ནས་བཤད་ན། དུས་རབས་བཅུ་གསུམ་པའི་སྐབས་སུ་བོད་ཡིག་གི་ཐོག་ན་དཔྱད་གཞིའི་ཡིག་ཆ་ཧ་ཅང་མང་པོ་ཞིག་ཡོད་ལ། དེ་མ་ཚད་ཡིག་ཆ་མང་པོ་དེ་དག་ནི་བཙལ་ན་རྙེད་དཀའ་བ་དེ་འདྲ་འང་མ་ཡིན། ཡིག་ཆ་མང་པོ་ཞིག་ནི་ད་ལྟ་དངོས་སུ་པར་སྐྲུན་བྱས་ནས་དུས་ཡུན་ཡང་མང་པོ་ཕྱིན་ཡོད་པ་དེ་འདྲ་རེད། ཡིན་ནའང་ང་ཚོའི་ད་ལྟ་པར་སྐྲུན་བྱས་ཟིན་པའི་བོད་ཡིག་ཡིན་ན་འདྲ་རྒྱ་ཡིག་གི་བརྩམས་ཆོས་ཡིན་ན་འདྲ་ལོ་རྒྱུས་སོགས་ཀྱི་བརྩམས་ཆོས་སམ་དཔྱད་དེབ་མང་པོ་ཞིག་གི་ནང་དུ་ཡིག་ཆ་དེ་རིགས་བཀོད་ཐུབ་མེད་ཀི། མང་པོ་ཞིག་གིས་དུས་རབས་བཅུ་བཞི་པའི་ནང་ཐོན་པའི་དེབ་དམར་ནས་འགོ་བརྩམས་ནས། དུས་རབས་བཅུ་བདུན་པའི་ནང་དུ་བརྩམས་པའི་ས་སྐྱའི་གདུང་རབས་སོགས་གཙོ་བོའི་ནང་གི་གཙོ་བོར་བཞག་ཡོད་པ་དང་དེ་ལས་འདའ་ཐུབ་མེད་པ་དེ་འདྲ་རེད། ཡང་གཅིག་བཤད་ན་ལོ་བདུན་བརྒྱའི་སྔོན་གྱི་ཡིག་ཆ་ཡོད་བཞིན་དུ་ལོ་ངོ་བཞི་བརྒྱ་དང་སུམ་བརྒྱའི་ཡིག་ཆའི་ནང་དུ་འཁོར་ནས་བསྡད་ཡོད་པ་ལྟ་བུ་དེ་འདྲ་རེད། ཡང་གནས་ཚུལ་འདི་རིགས་ནི་བོད་ཡིག་མི་ཤེས་པའི་ཞིབ་འཇུག་པ་དག་ལ་མཚོན་ན་ཡིག་ཆ་དེ་དག་བསྒྱུར་ཡོད་མེད་ཀྱི་ཆ་ནས་དེ་འདྲ་ཡིན་སྲིད་རྒྱུ་རེད། མཚམས་མཚམས་ལ་བོད་ཡིག་ཤེས་མ་ཤེས་དང་བོད་ཡིག་གི་ཆུ་ཚད་མཐོ་མ་མཐོ་ཞིག་ལའང་ཐུག་མེད་པ་དེ་འདྲ་རེད། གང་ལྟར་ཡང་སྤྱི་འགྲོས་དེ་ལྟ་བུ་ལས་ཐར་ཐུབ་མེད་པ་ལྟ་བུའི་གནས་སྟངས་ཤིག་མངོན་ཡོད་པ་རེད། དེས་ན་སྤྱི་འགྲོས་དེ་འདྲ་ལས་ཐར་བར་བྱ་ན་ཐོག་མར་རང་རང་སོ་སོའི་ཞིབ་འཇུག་གི་ཁྱབ་ཁོངས་ལས་བོད་ཡིག་གི་ཡིག་ཆ་མང་པོ་རྒྱ་ཆེ་བའི་ངང་རྔོག་འདོན་དང་བསྡུ་བསྒྲིགས་ལས། ཞིབ་འཇུག་གི་གོ་རིམ་ཁྲོད་ནས་རང་རང་སོ་སོ་རང་ཚུགས་ཡོད་པ་དང་། ཁྱད་ཆོས་ཡོད་པ། བསམ་བློ་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་འཁུམས་པ་རེད། འདིའི་ཕྱོགས་ནས་རྒན་བཀྲ་བྷའི་《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ་》ཞེས་པའི་དེབ་འདིའི་ནང་ན་བླང་བྱ་མང་པོ་ཞིག་ཡོད་པར་འདོད།
རྒན་བཀྲ་བྷ་ལ་མཚོན་ན། ལྷ་རབས་ཀྱི་སྐོར་ནས་ཡིག་ཆ་མང་པོ་རྔོག་འདོན་དང། འཚོལ་བསྡུ། དག་སྒྲིག་ལས་ལྷ་རབས་ཀྱི་འཕེལ་རིམ་ལ་ཞིབ་འཇུག་བྱས་པའི་མ་ཚད། བོད་ཀྱི་ལྷ་སྒྲུང་དག་ལ་གཞི་བཅོལ་ནས་རང་གི་རྩོམ་རིག་གསར་རྩོམ་དུ་བཞག་ཏེ་དེ་བས་ཀྱང་གསོན་ཉམས་ལྡན་པའི་ངང་ནས་སྒྲུང་གཏམ་བརྩམས་ཆོས་མང་ཙམ་སྤེལ་ཡོད་པ་འདི་ལ་མཚོན་ན། གཅིག་ནས་སྒྲུང་རྩོམ་གསར་རྩོམ་གྱི་ལམ་ཀ་ལ་མཚོན་ནས་སྨོས་ན་ཧ་ཅང་ཁྱད་ཆོས་ཡོད་པ་དང་དོན་སྙིང་ལྡན་པའི་ལམ་ཀ་ཞིག་ཀྱང་ཡིན་པར་སྙམ། གཉིས་ནས་མི་རིགས་གང་དང་གང་ཡིན་ཡང་འཆར་ཅེས་པ་དང་འཆར་སྒོ་ཡངས་མོ་དགོས་པ་དེ་ཧ་ཅང་གལ་ཆེ་གི་བསམ་གི། དེང་སང་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་ཆ་ནས་བཤད་ནའང་སློབ་མ་དག་གི་འཆར་དང་འཆར་སྒོ་དེ་བཀག་ན་སོ་སོའི་གསར་གཏོད་བྱ་བ་ལ་གེགས་སུ་འགྲོ་ཚུལ་བཤད་བཞིན་པ་རེད། བོད་ཀྱི་ལྷ་སྒྲུང་དང་ལྷ་རབས་ནང་ནའང་བོད་མི་རིགས་ཀྱི་འཆར་དང་འཆར་སྒོའི་བཅུད་མང་པོ་ཞིག་འདུས་ཞེས་ནའང་མ་ཆོག་པ་མེད་པ་ན། བོད་ཀྱི་ལྷ་རབས་དག་ལ་གཞི་བྱས་ནས་སྒྲུང་རྩོམ་གསར་རྩོམ་གནང་ཡོད་པ་འདི་འང་བོད་ཀྱི་སྔོན་མ་དག་གི་འཆར་སྒོའི་བཅུད་དག་སྲུང་འཛིན་དང་། དར་སྤེལ། དེ་གསར་གཏོད་བཅས་པའི་ཆ་ནས་དེ་བས་ཀྱང་གལ་ཆེ་བར་བསམ། ཡང་ཆེ་ས་ནས་བཤད་ན་འདི་ནི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་། རྒྱུད་འཛིན། དར་སྤེལ་གྱི་ཆ་ནས་མིག་དཔེར་བལྟ་འོས་པའི་དོན་བྱ་གལ་ཆེན་ཞིག་རེད་འདོད་པ་བཅས་པའོ།།
མཐར་རྒན་བཀྲ་བྷ་ལགས་ཀྱི་ཡོད་ཚད་བཀྲ་ཤིས་པ་དང་། ད་དུང་མུ་མཐུད་དུ་ལྷ་རབས་ཞིབ་འཇུག་དང་ལྷ་རབས་ལས་བྱུང་བའི་བརྩམས་སྒྲུང་མང་པོ་ཞིག་ཡོང་བར་རེ་བ་ཞུས་པ་དང་། དེ་བཞིན་དུ་འདིར་བཞུགས་ཀྱི་དགེ་རྒན་ན་གཞོན་དག་ལ་མཚོན་ནའང་རིག་གཞུང་ཞིབ་འཇུག་སོགས་གང་གི་ཆ་ནས་ཀྱང་གྲུབ་འབྲས་ལོན་ཡོད་པའི་ཕུལ་དུ་བྱུང་བ་དག་དག་རེད། དེ་བས་ཁྱེད་རྣམ་པས་ཀྱང་རང་རང་སོ་སོའི་ཁ་ཕྱོགས་ཀྱི་ཆ་ནས་རྒན་བཀྲ་བྷ་ནང་བཞིན་བོད་ཡིག་གི་ལམ་ནས་འདི་འདྲའི་བརྩམས་ཆོས་མང་པོ་ཞིག་ཡོང་བར་འདུན་པ་དང་སྨོན་ལམ་བརྒྱབ་པ་ཡིན། མཐར་བཀྲ་ཤིས་བདེ་ལེགས།
